གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཧོ་ནན་ཨན་ཡང་གི་མེ་སྐྱོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས་: 2022ལོ་11ཟླ་23ཚེས་ 18:40 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༡ པའི་ཚེས ༢༡ ཉིན་གྱི་ཆུ་ཚོད ༡༦ ཙམ་ལ། ཧོ་ནན་ཨན་ཡང་གྲོང་ཁྱེར་ཁའེ་ཞིན་ཏ་ཉོ་ཚོང་ཚད་ཡོད་ཀུང་སིའི་བཟོ་ཁང་དུ་མེ་སྐྱོན་བྱུང་བ་དང་། མིག་སྔའི་བར་དོན་རྐྱེན་དེའི་ནང་མི ༣༨ གྲོངས་པ་དང་མི ༢ ལ་རྨས་སྐྱོན་ཕོག་ཡོད།

དོན་རྐྱེན་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས། ཧོ་ནན་སོགས་ས་ཆར་མེ་སྐྱོན་སོགས་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་བསྟུད་མར་ཐོན་ཏེ་མི་སྣ་འཆི་རྨས་ཚབས་ཆེན་བཟོས་པ་དེ་ནི་སྣ་བསུན་གཏིང་ཟབ་ཅིག་རེད། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་། འཆི་རྨས་བྱུང་བའི་མི་སྣའི་ཁྱིམ་མིར་སེམས་གསོ་གཏོང་རྒྱུ། འདས་པོར་རྗེས་འཇུག་བྱ་རྒྱུ་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཆག་སྒོའི་འབྱུང་རྐྱེན་རྩད་ཞིབ་གསལ་པོ་བྱེད་པ། ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱ་དགོས། ལོ་མཇུག་ལ་སླེབས་གྲབས་ཡོད་པས། གོང་འཕེལ་དང་བདེ་འཇགས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་བཀོད་འདོམས་བྱེད་པའི་འགན་འཁྲི་ལྕི་པོ་ཡོད་པས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་། ཚེ་སྲོག་གོང་མའི་གོང་ལ་བཀུར་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ། ཉེན་ཁའི་རྐྱེན་རྩར་ཁྱོན་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱེད་པ་བཅས་བྱས་ཐོག ཆག་སྒོ་ཆེན་པོ་དང་ཚབས་ཆེན་ཐོན་རྒྱུར་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་ཞེས་བསྟན་འདུག

ཞི་ཅིན་ཕིང་གི་མཛུབ་སྟོན་ལ་གཞིགས་ནས། འཕྲལ་སྒྲུབ་དོ་དམ་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་ལས་དོན་ཚོ་ཆུང་ཧོ་ནན་དུ་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དང་། ཧོ་ནན་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གནས་ཚུལ་ཐོན་སར་འབྱོར་ནས་མཛུབ་ཁྲིད་བྱེད་བཞིན་ཡོད། མིག་སྔར་གནས་ཚུལ་ཐོན་ས་དངོས་ཀྱི་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། ཆག་སྒོའི་འབྱུང་རྐྱེན་ལ་བརྟག་དཔྱད་བྱ་རྒྱུ་སོགས་ཀྱི་ལས་དོན་ཁག་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།

 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ཧྲའན་ཤིས་དང་ཧོ་ནན་ལ་རྟོག་ཞིབ་ཏུ་ཕེབས་འདུག ཞི་ཅིན་ཕིང་ནས་གཞོན་ནུའི་གོང་འཕེལ་གླེང་སྟེཊ་དེར་ཤིས་འཕྲིན་སྤྲིངས། ཞི་ཅིན་ཕིང་ནས་ཞིང་ལས་རིག་གནས་ཤུལ་བཞག་ཚོཊ་ཆེན་དེར་ཤིས་ཚིག་སྤྲིངས། ཞི་ཅིན་ཕིང་གིས་ཤིན་ཅང་དུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།